བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།

བཙན་བྱོལ་གྱི་འཚོ་བ།

ཕྱི་ལོ་ ༡༩༥༩ ཟླ་ ༣ ནང་༸གོང་ས་སྐྱབས་མགོན་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་ནས་ཟླ་བ་གཅིག་གི་རྗེས་ཁོང་དང་ཁོང་གི་ནང་མིི་ལྷན་རྒྱས་མ་སུ་རིར་འབྱོར་ཏེ། ༸གོང་ས་མཆོག་གིས་གསར་འཛུགས་གནང་བའི་བཙན་བྱོལ་ནང་གི་སློབ་གྲྭ་དང་པོ་མ་སུ་རིར་ཁོང་གི་པ་ལགས་ཀྱིས་དགེ་རྒན་གནང་། དེའི་སྐབས་སུ་བོད་རིགས་ནང་སྐད་རིགས་གཞན་ཤེས་མཁན་དཀོན་པོ་ཡིན་པས།སློབ་གྲྭ་དེར་ཁོང་དང་ཁོང་གིས་གཅེན་པོས་ཕྱག་རོགས་མི་དམན་པ་ཞུས་ཡོད། ཕྱི་ལོ་ ༡༩༦༠ ལོར་ས་མཚམས་ཁག་དང་བཙན་བྱོལ་བོད་མི་ལམ་བཟོ་བའི་བུ་ཕྲུག་རྣམས་མ་སུ་རི་སློབ་གྲྭར་འབྱོར་དུས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གནས་སྐབས་རང་དང་ན་མཉམ་པའི་སློབ་ཕྲུག་ཚོར་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་གནང་། ལོ་རྗེས་མར་རང་གཞུང་ནས་ཁོང་གི་པ་ལགས་བོད་པའི་སློབ་གྲྭ་གཉིས་པ་སིམ་ལ་གཏན་སློབ་ཀྱི་སློབ་སྤྱིར་བསྐོ་བཞག་གནང་བས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱང་མཉམ་དུ་ཕེབས་དགོས་བྱུང་།

ཕྱི་ལོ་ ༡༩༦༢ ལོར་བསྟན་འཛིན་རྣམ་རྒྱལ་ལགས་དང་ནང་མི་ལྷན་རྒྱས་རྡོར་གླིང་དུ་སྤོས་གནང་བས། ཁོང་འབྲིང་རིམ་སློབ་གྲྭ་མོནྚ་ཧར་མན་(Mount Hermon) དུ་སློབ་ཞུགས་ཀྱིས་ཚན་རིག་སྡེ་ཚན་ཁོངས་གནས་རིམ་དང་པོའི་ཕྱག་འཁྱེར་བཞེས་ཏེ་བསླབ་པ་མཐར་སོན་ཡོད།

བཙན་བྱོལ་བོད་གཞུང་།


ཕྱི་ལོ་ ༡༩༦༢ ནས་ ༡༩༦༨ བར་བཙན་བྱོལ་བོད་གཞུང་ལ་སྲི་ཞུ་བ་ཤིན་ཏུ་མཁོ་བའི་སྐབས་ཡིན་པས་ཁོང་གིས་སྤྱི་ལོ་ ༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་སུ་དྲུང་ཡིག་དང་ལོ་ཙྭ་བའི་འགན་འཁུར་བཞེས། ཕྱི་ལོ་ ༡༩༧༡ ནས་ ༡༩༧༣ བར་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་དྲུང་གཞོན་གྱི་ལས་འགན་བཞེས་ཡོད། ཕྱི་ལོ ༡༩༧༣ ནས་ ༡༩༨༦ བར་ཨ་མི་རི་ཁའི་གྲོང་ཁྱེར་ནེའུ་ཡོག་གི་བོད་གཞུང་དོན་གཅོད་ཁང་དུ་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་བཞེས་པའི་མུར། ཕྱི་ལོ་ ༡༩༨༠ ལོར་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཚོགས་གཙོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༦ ནས་ ༡༩༩༣ ལོ་བར་ཨ་རིའི་རྒྱལ་ས་ཝོ་ཤིང་ཀྲོན་དུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་ཡོད།
ཕྱི་ལོ་ ༡༩༩༠ ནས་ ༡༩༩༣ བར་དམིགས་བསལ་བོད་མི་མང་གྲོས་ཚོགས་ཀྱིས་འདེམས་ཐོན་བྱུང་བའི་བཀའ་བློན་གསུམ་གྱི་གྲས་ཤིག་ཡིན། དུས་ཡུན་དེའི་རིང་ཁོང་གིས་དཔལ་འབྱོར་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་བཅས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད་ཅིང་། ཕྱི་ལོ་ ༡༩༩༤ ནས་ལོ་གཅིག་རིང་བཀའ་བློན་ཁྲི་པའི་འགན་འཁུར་བཞེས།

བཙན་བྱོལ་ནང་གི་དུས་དེབ་ཐོག་མ།
ཕྱི་ལོ་ ༡༩༦༨ ལོར་ཁོང་གི་གཅེན་པོ་བསྟན་འཛིན་དགེ་བྱེད་དང་བསོད་ནམས་སྟོབས་རྒྱལ་བཅས་ལྷན་དུ་ཤེས་བྱ་དུས་དེབ་འདོན་སྤེལ་གནང་ཡོད། དེ་ནི་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་པར་འགྲེམས་བྱས་པའི་ཤེས་རིག་གི་ཉིང་བཅུད་ཐོག་མ་ཞིག་ཡིན། ཤེས་བྱ་དུས་དེབ་ཀྱི་གྲུབ་འབྲས་གོང་འཕེལ་འགྲོ་བ་དང་ཆབས་ཅིག་ཏུ་མི་མང་པོས་ཀྱང་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ཤེས་བྱ་དུས་དེབ་ཐོག་ཕྱག་ལས་གནང་གིན་བོད་ཀྱི་གསར་འཕྲིན་(Tibetan Review) རྩོམ་སྒྲིག་དང་འགྲེམས་སྤེལ་གནང་། ཕྱི་ལོ ༡༩༧༡ ལོ་ནས་བཟུང་དུས་དེབ་དེ་གཉིས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་གཞུང་འབྲེལ་ཐོག་ནས་འདོན་སྤེལ་གནང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས།

ཕྱི་ལོ་ ༡༩༧༠ ལོར་བསྟན་འཛིན་རྣམ་རྒྱལ་ལགས་དང་རྒྱ་རི་བློ་གྲོས་རྒྱལ་མཚན། བསྟན་འཛིན་དགེ་བྱེད། བསོད་ནམས་སྟོབས་རྒྱལ་བཅས་ཀྱིས་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་གཞོན་ནུའི་ཚོགས་འདུ་ཐེངས་དང་པོ་སྐོང་འཚོགས་གནང་ཞིང་། ཚོགས་འདུ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་དང་། བསྟན་འཛིན་རྣམ་རྒྱལ་ལགས་ཐེངས་དང་པོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་ཆུང་གི་འགན་འཁུར་བཞེས་མཁན་ནང་བདམས་ཐོན་བྱུང་། དུས་དེ་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཚོགས་མི་ཁྲི་གསུམ་ལྷག་ཡོད་པའི་བོད་དོན་ལས་འགུལ་སྤེལ་མཁན་གྱི་ཚོགས་སྡེ་ཆེ་ཤོས་ཤིག་ཏུ་གྱུར་པ་རེད།

ནེའུ་ཡོག་ནང་གི་བོད།
ཕྱི་ལོ་ ༡༩༧༣ ལོར་ཨ་རིའི་གཞུང་གིས་བོད་ཀྱི་ཞུ་འབོད་མཉམ་སྦྲེལ་རྒྱལ་ཚོགས་ནས་ཕྱིར་འཐེན་བྱས་པའི་སྐབས་དེར་བཙན་བྱོལ་བོད་གཞུང་གིས་བསྟན་འཛིན་རྣམ་རྒྱལ་ལགས་ནེའུ་ཡོག་ཏུ་ཡོད་པའི་བོད་ཁང་དུ་ལས་བསྐོས་གནང་ཡོད། བོད་ཀྱི་གནད་དོན་ལ་ཨ་རིའི་གཞུང་གིས་སྲིད་ཕྱོགས་ཐོག་རྒྱབ་སྐྱོར་མི་བྱེད་པར་བརྟེན་ཁོང་གིས་ཕྱི་ལོ་དྲུག་ཅུ་རེ་གྲངས་ནང་རྒྱ་གར་དང་བལ་ཡུལ་ནང་བསྐོར་བསྐྱོད་བྱེད་མྱོང་བའི་མཁས་དབང་དང་ནང་པ། དེ་བཞིན་གཞོན་སྐྱེས་དང་འབྲེལ་གཏུག་གནང་སྟེ་བོད་ཀྱི་གྲོགས་པོ་ཞེས་པའི་ཚོགས་པ་ཞིག་བཙུགས། ཁོང་གིས་མི་སྣ་དེ་རྣམས་འདུ་སྐོང་བྱས་ཏེ་ཨ་རིའི་བོད་ཀྱི་ཚོགས་ཆུང་ཞེས་པ་ཞིག་འགོ་འཛུགས་ཞུས། ཚོགས་ཆུང་དེའི་ནང་བོད་པ་དང་སོག་པོའི་གྲྭ་པ། དེ་བཞིན་ཨ་རི་བ་ཁ་ཤས་ལས་མེད་ཀྱང་ཕྱི་ལོ་ ༡༩༧༥ ལོར་ཨ་རིའི་ནང་སུམ་ཅུའི་དུས་དྲན་ཐེངས་དང་པོ་སྲུང་བརྩི་ཞུས་ཏེ། ནེའུ་ཡོག་གྲོང་ཁྱེར་ནང་གོམ་བགྲོད་གནང་། ཨ་རིའི་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་དོན་སྣང་མེད་བཏང་བའི་སྐབས་དེར། བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཐབས་ཤེས་འབད་པ་བརྒྱ་ཕྲག་གནང་སྟེ་བོད་གཞུང་ཟློས་གར་གྱི་འཁྲབ་སྟོན་པ་ཨ་རིར་བསྐོར་བསྐྱོད་ལ་ཐེངས་དང་པོ་གདན་འདྲེན་ཞུ་ཐུབ་པ་བྱུང་ཞིང་། རྒྱལ་སྤྱིའི་ཁ་ཛའུ་ཀོ་ཧི་ལི་ཡར་(Kazuko Hillyer International) དང་ལྷན་དུ་ཁོང་གིས་ཐེངས་དང་པོོའི་བོད་གཞུང་ཟློས་གར་གྱི་བསྐོར་བསྐྱོད་དེ་ཡོ་རོབ་དང་ཨ་རི། ཁེ་ཎ་ཊ་སོགས་དང་། རྗེས་ལོ་དེར་སིང་གཱ་པུར་དང་ཨོ་སི་ཀྲོ་ལི་ཡར་གོ་སྒྲིག་ཞུས། དེ་བཞིན་ཕྱི་རྒྱལ་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པའི་བསྐོར་བསྐྱོད་ཐེངས་དང་པོ་གོ་སྒྲིག་གནང་བ་ལེགས་གྲུབ་བྱུང་།

༸གོང་ས་མཆོག་གིས་ཨ་རིའི་འཚམས་གཟིགས་ཐོག་མ།

བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་པའི་རིང་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་གཞན་ཞིག་བསྒྲུབས་ཡོད་པ་ནི། ༸གོང་ས་མཆོག་ཨ་རིར་ཐེངས་དང་པོའི་འཚམས་གཟིགས་སུ་གདན་འདྲེན་ཞུ་ཐུབ་པ་དང་། གདན་འདྲེན་ཞུས་པའི་བརྒྱུད་རིམ་ནང་སྦྱོར་དངོས་མཇུག་གསུམ་གྱི་བྱ་བ་རྣམས་ཧ་ཅང་འཐུས་གཙང་བྱུང་བ་དེ་ཡིན། ཨ་རིའི་གཞུང་ངོས་ནས་རྒྱབ་སྐྱོར་དང་སྐུལ་མ་བྱེད་མིན་ལ་མ་ལྟོས་པར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་(Charlies Rose) གིས་གཙོས་གྲོགས་པོ་རྣམས་དང་ལྷན་དུ་ཕྱག་ལས་བརྩམས་ཡོད། དེ་ཡང་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཁག་དང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག དེ་བཞིན་ནང་པའི་སྡེ་ཁག་གི་ཉམས་མེད་རོགས་སྐྱོར་ལ་བརྟེན། ཁོང་གིས་ལུགས་མཐུན་གྱི་ཐོག་ནས་༸གོང་ས་མཆོག་གི་འཚམས་གཟིགས་གོ་སྒྲིག་གནང་ཡོད།

བོད་ཀྱི་ཐེབས་རྩ།
བསྟན་འཛིན་རྣམ་རྒྱལ་ལགས་ནེའུ་ཡོག་བོད་ཀྱི་ཡིག་ཚང་དུ་ཕྱག་ལས་གནང་སྐབས་བོད་ཀྱི་ཐེབས་རྩ་གསར་འཛུགས་གནང་ཡོད། ཁོང་གིས་ཨ་རི་དང་། ཁེ་ཎ་ཌར་ཡོད་པའི་བོད་ཀྱི་ཚོགས་པ་ཨོ་རེ་གྷོན་(Oregon) དང་ཨེན་ཊ་རོའུ་(Antario) གཉིས་ནས་བོད་ཀྱི་ཐེབས་རྩར་ཞལ་འདེབས་ཐོག་མ་འབུལ་དགོས་པ་དང་རིམ་པས་མི་གཞན་གྱིས་༸སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ཞལ་འདེབས་འབུལ་ཆོག་པའི་ལམ་སྲོལ་ཞིག་གཏོད་ཡོད། ད་ལྟ་བོད་ཀྱི་ཐེབས་རྩས་བོད་ཕྲུག་ཨ་རིར་སློབ་སྦྱོང་བྱེད་རྒྱུའི་སློབ་ཡོན་ཐོག་རྒྱབ་སྐྱོར་གནང་སྟེ། བོད་ཕྲུག་སློབ་མ་བརྒྱ་ཕྲག་མང་པོ་ཨ་རིའི་མཐོ་སློབ་སྐད་གྲགས་ཅན་མང་པོའི་ནང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད། བོད་ཀྱི་ཐེབས་རྩས་རང་ཡུལ་བོད་ནས་གསར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བའི་བོད་མི་རྣམས་ལ་ཡང་རྒྱབ་སྐྱོར་གནང་གི་ཡོད།

རང་འགུལ་གྱི་ནུས་པ་ཁག
ཁོང་ནི་བྱང་ཨ་མི་རི་ཁར་ཡོད་པའི་བོད་ཀྱི་ཚོགས་པ་མང་ཆེ་བ་གསར་འཛུགས་གནང་མཁན་གྱི་གཙོ་བོའི་མི་སྣ་ཞིག་ཡིན། དེ་ཡང་ནེའུ་ཡོག་དང་ནེའུ་ཇར་སི་བོད་ཀྱི་སྤྱི་མཐུན་ཚོགས་པ། ཨ་རིའི་བོད་ཀྱི་ཚོགས་ཆུང་སོགས་དང་གཞན་ཁེ་ཎ་ཌ་དང་ཨ་རིའི་ས་ཕྱོགས་གང་སར་ཡོད་པའི་བོད་ཀྱི་ཚོགས་པ་ནི་ཁོང་གིས་གསར་འཛུགས་གནང་བ་ཤ་སྟག་ཡིན། ཁོང་གིས་པོ་ཏཱ་ལ་པར་སྐྲུན་འགོ་འཛུགས་གནང་སྟེ་བོད་ཀྱི་སྐོར་ལ་དེབ་ཆུང་དང་། ལོ་རྒྱུས་ཀྱི་ཡིག་ཆ། ད་དུང་རྙེད་པར་དཀའ་བའི་དེབ་མང་པོ་ཞིག་པར་འགྲེམས་གནང་ཡོད། དེ་ཡང་༸སྐྱབས་མགོན་རིན་པོ་ཆེའི་མཛད་རྣམ་ '' ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།'' རྩིས་དཔོན་ཞྭ་སྒབ་པས་བརྩམས་པའི་ ''བོད་ཀྱི་སྲིད་དོན་རྒྱལ་རབས།'' ད་དུང་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་བོད་ཀྱི་བུད་མེད་ཅིག་གིས་བྲིས་བའི་དུས་རབས་ཤིག་གི་མི་ཚེའི་ལོ་རྒྱུས་ '' ང་ཚོ་བོད་མི་ཚོ།'' ཞེས་པ་སོགས་ཀྱི་དེབ་པར་བསྐྲུན་གནང་ཡོད། བོད་ཀྱི་ཡིག་ཚང་གིས་ད་ལྟ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་ཀྱི་རིག་གཞུང་ཐོག་རླབས་ཆེན་གྱི་ལག་རྗེས་འཇོག་མཁན་ཨ་རིའི་ནེའོ་ཡོག་བོད་ཁང་ལ་འབྲེལ་གཏུག་གིས་འཆར་འགོད་དང་ལས་དོན་བྱེད་ཕྱོགས་ཐོག་རོགས་རམ་གང་ཐུབ་ཀྱིས་ཡར་རྒྱས་ཀྱི་གོམ་པ་སྤོ་ཐུབ་པ་བཟོས་ཡོད།

བོད་བསྐྱོད་སྐུ་ཚབ་ཐེངས་གཉིས་པའི་ཚོགས་གཙོ།

ཕྱི་ལོ་ ༡༩༨༠ ལོར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་འགོ་ཁྲིད་པའི་བོད་གཞུང་གི་སྐུ་ཚབ་ཐེངས་གཉིས་པ་དེ་བོད་དང་རྒྱ་ནག་ལ་གཟིགས་བསྐོར་ཕེབས་ཏེ། པེ་ཅིང་དུ་གནད་ཡོད་ཀྱི་བོད་རིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། ང་ཕོད་ངག་དབང་འཇིགས་མེད། འབའ་པ་ཕུན་ཚོགས་དབང་རྒྱལ་བཅས་དང་མཇལ་ཏེ་ཟླ་གསུམ་རིང་བོད་རིགས་ས་ཁུལ་གང་སར་བསྐོར་བསྐྱོད་བྱས་ནས་མཐར་ལྷ་སར་མཇུག་སྒྲིལ་གནང་ཡོད། སྐབས་དེར་བོད་མི་རྣམས་ཀྱིས་སྐུ་ཚབ་ཡོད་སར་བཅར་ནས་སོ་སོའི་ཚོར་བ་དྲག་པོོ་རྣམས་སྦ་གསང་མེད་པ་བརྗོད་པ་དང་། ལྷག་པར་དུ་ཁོང་རྣམས་དགའ་ལྡན་དགོན་པར་གཟིགས་ཞིབ་ཏུ་ཕེབས་སྐབས་མི་མང་ཁྲི་ཚོ་བརྒལ་བ་ཕེབས་བསུར་བཅར་བ་སོགས་རྒྱ་གཞུང་གི་བློ་ཡུལ་དུ་གཤོངས་དཀའ་བའི་དོན་རྐྱེན་དེ་དག་འཕྲད་པས། རྒྱ་ནག་གཞུང་ངོས་ནས་སྐུ་ཚབ་ཚོའི་ གཟིགས་བསྐོར་གྱི་དུས་ཡུན་ཡང་ཉུང་དུ་བཏང་དགོས་ཐུག་ཡོད།

རྒྱལ་སྤྱིའི་བོད་དོན་ཚོགས་པ།

ཕྱི་ལོ་ ༡༩༨༧ ལོར་༸གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཕེབས་ཏེ་ཁོང་གིས་གྲོས་ཚོགས་འོག་མའི་འགྲོ་བའི་མིའི་ཐོབ་ཐང་ཚོགས་ཆུང་ནང་ཞི་བའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་བསྐྱངས་སྐབས། ༸གོང་ས་མཆོག་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོ་དང་འབྲེལ་བ་གནང་སྟེ། བོད་དོན་ཐོག་རོགས་རམ་ཐོབ་ཐབས་ཆེད་ཨ་རིར་བཞུགས་དགོས་པའི་བཀའ་བསྩལ་གནང་ཡོད། ཁོང་ཝ་ཤིང་ཀྲོན་དུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཡིན་སྐབས་བཙན་བྱོལ་བོད་གཞུང་གིས་གནང་བའི་རྒྱུན་གྲོན་ནས་གཞི་རྒྱ་ཆེ་བའི་ལས་འཆར་སྤེལ་མ་ཐུབ་རྐྱེན། ཁོང་གིས་རྒྱལ་སྤྱིའི་བོད་དོན་ཚོགས་པ་གསར་འཛུགས་གནང་སྟེ་ཨ་རིའི་གཞུང་དང་ཡོ་རོབ་གྲོས་ཚོགས་མཉམ་ཞུགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་རང་དབང་གོང་འཕེལ་གཏོང་ཆེད་ལས་འགུལ་སྣ་ཚོགས་སྤེལ་ཡོད། བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ཐབས་མཁས་དཔའ་མཛངས་ལྡན་པའི་ཕྱག་རྗེས་ལ་བརྟེན། ཨ་རིའི་གྲོས་ཚོགས་ཀྱིས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་སྙན་ཞུར་བརྡ་ལན་སྤྲད་པ་དང་། ཆབས་ཅིག་བོད་ནི་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པའི་གྲོས་ཆོད་བཞག་པ་དང་བོད་ནས་གསར་དུ་ཡོང་བཞིན་པའི་སྐྱབས་བཅོལ་བོད་རིགས་ཚོར་རོགས་རམ་དང་བོད་ཕྲུག་ཚོར་ཨ་རིར་སློབ་སྦྱོང་བྱེད་རྒྱུའི་སློབ་ཡོན་སྦྱར་རྒྱུ་དང་། དེ་བཞིན་ཨ་རིའི་རླུང་འཕྲིན་གྱིས་བོད་སྐད་སྡེ་ཚན་གསར་འཛུགས་ཀྱིས་བོད་དོན་རྒྱང་བསྲིངས་བྱེད་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད།

ཐོག་མ་བོད་རིགས་ཆིག་སྟོང་ཨ་རིར་གནས་སྤོས་ཀྱི་མཐོང་མཆན།
བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བོད་པ་མང་པོ་ཞིག་ཨ་རིར་གཞིས་ཆགས་ཐུབ་ཆེད་ནུས་ཤུགས་དང་རོགས་རམ་གང་ཡོད་ཞུས་ཡོད་པ་ཙམ་མ་ཟད། བོད་པ་ཆིག་སྟོང་ཨ་རིར་གནས་སྤོས་ཀྱི་མཐོང་མཆན་རག་ཐབས་ཐོག་གལ་ཆེའི་ནུས་པ་བཏོན་གནང་མཛད་ཡོད། སྐབས་དེའི་གནད་དོན་དེ་ཚགས་ཚུད་ཡོང་ཆེད་ཁོང་གིས་གལ་ཆེའི་མི་སྣ་དང་སྒྲིག་འཛུགས་མང་པོ་ཞིག་འདུ་སྐོང་གནང་ཡོད་པ་ནི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་ཀྱི་ཐེབས་རྩ། ད་དུང་བོད་ཀྱི་སྤྱི་མཐུན་ཚོགས་པ་སོགས་གཞན་ཚོགས་པ་མང་པོ་སྐོང་འཚོགས་ཐུབ་ཡོད།

བཀའ་བློན་དང་བཀའ་བློན་ཁྲི་པ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཧྲིལ་པོ་ ༢༣ རིང་བོད་གཞུང་ནང་ཕྱག་ལས་གནང་རྗེས་ཕྱི་ལོ་ ༡༩༩༠ ལོར་བོད་མི་མང་སྤྱི་འཐུས་དང་གཞུང་ཞབས་བགྲེས་པ། དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་ཚོས་འདེམས་ཐོན་བྱུང་བའི་བཀའ་བློན་གྱི་གྲས་ཤིག་ཡིན། ཁོང་ལ་དེའི་སྐབས་བཀའ་ཟུར་རྗེ་བཙུན་པདྨ་ལགས་དང་བཀའ་ཟུར་སྐལ་བཟང་ཡེ་ཤེས་ལགས་བཞིན་འོས་ཤོག་བརྒྱ་ཆ་ ༧༠ ལྷག་ཐོབ་སྟེ། བཀའ་བློན་གྱི་ལས་འགན་བཞེས་ཡོད། ཁོང་གིས་བཀའ་བློན་གྱི་དུས་ཡུན་ལོ་ལྔ་རིང་ལྷན་ཁང་སྣ་ཚོགས་ནང་ཕྱག་ལས་གནང་ཡོད་པ་ནི་ནང་སྲིད། དཔལ་འབྱོར། བདེ་སྲུང་དང་ལོ་མཐའ་མར་བཀའ་ཁྲིའི་འགན་འཁུར་བཞེས།

བོད་ནང་གི་ལོ་བདུན།
ཕྱི་ལོོོ་ ༡༩༩༥ ལོར་ཁོང་ཨ་མི་རི་ཀར་གནས་སྤོས་གནང་། ལོ་དེར་ཁོང་"བོད་ནང་གི་ལོ་བདུན།"ཞེས་པའི་གློག་བརྙན་གྱི་སློབ་སྟོན་པ་གཙོ་བོ་ཡིས་ཐུགས་འགན་བཞེས་ཏེ། གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོར་ལྟད་མོའི་སྒྲུང་གི་ནང་དོན་ཐོག་རོགས་རམ་དང་། ལྟད་མོ་བཟོོ་སྐྲུན་གྱི་རྣམ་པ་དང་གཏམ་བརྗོད། ལུས་ཀྱི་རྣམ་འགྱུར་སྟོན་སྟངས་སོགས་བོད་དང་བོད་པའི་ཁྱད་ཆོས་མངོན་པའི་ལྟད་མོའི་སྒྱུ་རྩལ་བཀོད་སྒྲིག་བྱེད་སྟངས་ཐོག་སློབ་སྟོན་གནང་ཡོད།

སེ་ཀྲན་ཕོར་ཀྲི་(Stanford University)གཙུག་ལག་སློབ་གྲྭ་ཆེན་མོ།
ཕྱི་ལོ་ ༡༩༩༦ ལོའི་ནང་ཁོང་སེ་ཀྲན་ཕོར་ཀྲི་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་རབས་སྡེ་ཚན་གྱི་གདན་ཞུས་སློབ་དཔོན་གནང་སྟེ། སློབ་ཁྲིད་ཀྱི་ཕྱག་ལས་གནང་། ཁོང་གིས་བོད་ཀྱི་ལོ་རྒྱུས་དང་དེང་དུས་ཆབ་སྲིད་ཀྱི་རྒྱུད་རིམ་སློབ་ཁྲིད་གནང་བ་དང་། ཆབས་ཅིག་ཏུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ཚན་པར་དབྱར་དུས་ཀྱི་སློབ་ཚན་དང་རྒྱུན་ལྡན་རིག་གནས་ཀྱི་ལས་གཞིར་འགན་འཁུར་བཞེས། ཁོང་ནི་བོད་རིག་པ་གསར་འཛུགས་གནང་མཁན་གྱི་གྲགས་ཅན་མི་སྣ་ཞིག་དང་། སེ་ཀྲེན་ཕོར་ཀྲི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་ཁྲིད་ཀྱི་གོ་གནས་དང་བོད་རིག་པའི་ཉམས་ཞིབ་འཛུགས་སྐྲུན་ཐོག་ཕྱག་ལས་གནང་མཁན་གྱི་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན།
ཁོང་གི་སེ་ཀྲན་ཕོར་ཀྲི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚན་རིག་པ་དང་མཁས་དབང་ཚོའི་ལྷན་དུ་ཕྱར་གྲུ་མཉམ་འདེགས་ངང་ཕྱག་ལས་གནང་སྟེ། ༸གོང་ས་མཆོག་ཐེངས་གཉིས་གཙུག་ལག་སློབ་གྲྭའི་ནང་གདན་འདྲེན་ཞུས་པས་ཚན་རིག་དང་ནང་ཆོས་དབར་གལ་ཆེའི་བཀའ་བསྡུར་གནང་ཐུབ་ཡོད། དེ་རྗེེས་ཀྱི་ཚོགས་འདུ་དང་བཀའ་བསྡུར་གྱིས་"སྙིང་རྗེ་དང་གཞན་ཕན་ཉམས་ཞིབ་སློབ་གཉེར་ལྟེ་གནས་"ཤིག་གསར་འཛུགས་གནང་ཡོད། ལས་དོན་དེ་དག་གིས་༸གོང་ས་མཆོག་གི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་ཆེད་ཕན་རླབས་ཆེན་པོ་ཐོན་པ་ཙམ་མ་ཟད། ༸གོང་ས་མཆོག་གིས་དུས་རྒྱུན་དུ་ཚན་རིག་པ་དང་ནང་ཆོས་ཉམས་ལེན་གནང་མཁན་བར་སེམས་དང་རྣམ་ཤེས་ཐོག་གོ་བསྡུར་གནང་ཐུབ་ན། ཚན་རིག་དང་སྤྱི་ཚོགས་ཡར་རྒྱས་ཡོང་བར་དོན་ལྡན་གྱི་གྲུབ་འབྲས་ཐོན་གྱི་རེད་གསུངས་པ་དོན་འཁྱོལ་གནང་ཐུབ་ཡོད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་གཉིས་ནི་"སྙིང་རྗེ་དང་གཞན་ཕན་ཉམས་ཞིབ་སློབ་གཉེར་ལྟེ་གནས་"ཀྱི་འགན་འཁུར་བཞེས་མཁན་ཚོགས་མི་གཙོ་བོ་ཞིག་ཡིན།

བརྒྱ་ཐམ་པའི་བོད་དོན་སྒྲིག་འཛུགས།
བསྟན་འཛིན་རྣམ་རྒྱལ་ལགས་ཕྱི་ལོ་ ༡༩༩༧ ལོར་བརྒྱ་ཐམ་པའི་བོད་དོན་སྒྲིག་འཛུགས་ཀྱི་ཚོགས་པ་ནས་ཚོགས་མིར་གདན་ཞུ་གནང་ཡོད། དེ་ནི་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣས་བོད་རང་དབང་ཐོག་རྒྱབ་སྐྱོར་གནང་བའི་སྒྲིག་འཛུགས་ཤིག་ཡིན། ད་ལྟ་ཁོང་ལྷན་ཚོགས་དེའི་ངེས་སྟོན་པའི་འགན་འཁུར་ཞུ་མུས་ཀྱིས། བརྒྱ་ཐམ་པའི་བོད་དོན་སྒྲིག་འཛུགས་ཀྱི་ཚོགས་མི་ཚོར་བོད་ནང་གི་གནས་སྟངས་དང། བོད་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས། ལྷག་པར་དུ་སྤྱི་ཡོངས་ཀྱི་ཐོབ་ཐང་རང་ཐག་རང་གཅོད་ཐོག་གནས་ཚུལ་མཁོ་སྤྲོད་གནང་གི་ཡོད། བརྒྱ་ཐམ་པའི་བོད་དོན་སྒྲིག་འཛུགས་ནི་རང་ཐག་རང་གཅོད་སློབ་གཉེར་བྱེད་སའི་ལྟེ་གནས་ཤིག་ཡིན་པས་ གཏམ་བཤད་དང་ཟབ་སྦྱོང་། ཚོགས་འདུ་སོགས་གོ་སྒྲིག་ཞུ་གི་ཡོད།
ཕྱི་ལོ་༢༠༠༤་ལོར་''མ་འོངས་པའི་བོད་''ཞེས་པའི་ཚོགས་འདུ་ཞིག་ཡུ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མཉམ་སྦྲེལ་ཐོག་སུད་སི་ལ་ཚོགས་པས་འཛམ་གླིང་ས་ཕྱོགས་སྣ་ཚོགས་ནས་ཕེབས་པའི་བོད་དོན་འཐབ་རྩོད་པ་ཚོགས་མི་ལྔ་བཅུ་འཛུལ་ཞུགས་གནང་ཡོད། དེ་དང་ཕྱོགས་མཚུངས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རྒྱལ་སྤྱིའི་བོད་ རིག་པའི་ཚོགས་འདུ་དང་རྒྱལ་སྤྱིའི་ཚོགས་འདུ་གཞན་ཁག བོད་དང་འབྲེལ་བའི་ཚོགས་འདུ། གཞན་ཡང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ནང་འཆར་ཅན་གཏམ་བཤད་གནང་མཁན་ཞིག་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ།
ཁོང་ནི་ཕྱི་ལོ་༢༠༠༢་ལོར་༧གོང་ས་མཆོག་གི་ཆོས་གྲོགས་དང་སློབ་མ་ཚོས་འཛུགས་སྐྲུན་བྱས་པའི་ཏཱ་ལའི་བླ་མའི་ཐེབས་རྩ་གསར་འཛུགས་གནང་མཁན་གྱི་གལ་ཆེའི་ཚོགས་མི་ཞིག་ཡིན། ཐེབས་རྩ་གསར་འཛུགས་གནང་མཁན་གྱི་ཚོགས་མི་ཚོས་༧སྐྱབས་མགོན་རིན་པོ་ཆེས་ལྗགས་རྩོམ་གནང་བའི་ཕྱག་དེབ་"དུས་རབས་གསར་པའི་ཀུན་སྤྱོད"ཅེས་ པའི་དེབ་ཀྱི་བསླབ་བྱ་སྙིང་ལ་བཟུང་ནས་ཕྱག་ལས་གནང་རྒྱུའི་ཐག་གཅོད་གནང་ཡོད། ཏཱ་ལའི་བླ་མའི་ཐེབས་རྩ་ནི་ཐོག་མར་"དུས་རབས་གསར་པའི་ཀུན་སྤྱོད་"ཅེས་པའི་ཕྱག་དེབ་ཀྱི་ལམ་སྟོན་འོག་འགོ་འཛུགས་ཞུས་པ་ཞིག་ཡིན། དེབ་དེ་ཕ་རན་སི་དང་རྒྱ་ནགཔོར་ཆུ་གྷལ། འཇར་མན། སི་པན། ཉི་ཧོང་། ཧིན་རུ་བཅས་ཀྱི་སྐད་ལ་བསྒྱུར་ཡོད་པས་འཛམ་གླིང་གང་སར་སློབ་གཉེར་བྱེད་མཁན་གྱི་སྡེ་ཁག་བརྒྱ་ཕྲག་མང་པོ་ཡོད། ཏཱ་ལའི་བླ་མའི་ཐེབས་རྩས་༧གོང་ས་མཆོག་གིས་དགོངས་བཞེད་བཞིན། འཛམ་གླིང་ཞི་བདེར་སྨན་པའི་ཕྱག་ལས་གནང་མཁན་གྱི་ཚོགས་སྡེ་དང། ༧གོང་ས་མཆོག་གི་མཚན་ཐོག་ཡོད་པའི་ཚོགས་སྡེ་ཁག་དང་འབྲེལ་བ་དམ་གཟབ་བྱས་ཏེ་བོད་དོན་ཆེད་ཕྱག་ལས་གནང་གི་ཡོད། དཔེར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་༧གོང་ས་མཆོག་གི་ཐེབས་རྩ་"འཛམ་གླིང་ཀུན་ཁྱབ་སེམས་འཁུར།" དང་། ཁ་ན་ཀྲ་གྲོང་ཁྱེར་ཝན་ཁེའུ་བར་(vancouver) ན་ཡོད་པའི་༧གོང་ས་མཆོག་གི་"ཞི་བདེ་སློབ་གཉེར་ལྟེ་གནས་" ཨ་རིའི་གྲོང་ཁྱེར་བྷོ་སི་ཀྲོན་(Boston)དུ་ཡོད་པའི་མེ་སུ་ཆུའུ་སི་(Massachusetts)འཕྲུལ་ལས་རིག་པའི་སློབ་གཉེར་ཁང་གི་"༧སྐྱབས་མགོན་རིན་པོ་ཆེའི་ཀུན་སྤྱོད་ལྟེ་གནས་ཁང་"སོགས་དང་འབྲེལ་བ་བྱས་ཏེ་འཛམ་གླིང་སྤྱི་ལ་ཕན་པའི་ལས་དོན་སྒྲུབ་བཞིན་ཡོད།

བོར་བརླག་ཤོར་བའི་ཞི་བདེ་འགྲེམས་སྟོན།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནི་རྒྱལ་སྤྱིའི་སྒྱུ་རྩལ་འགྲེམས་སྟོན་"བོར་བརླགས་ཤོར་བའི་ཞི་བདེ་"ཞེས་པ་གསར་འཛུགས་གནང་མཁན་གྱི་གྲས་ཤིག་ཡིན། སྒྱུ་རྩལ་བ་ཚོས་"བོར་བརླགས་ཤོར་བའི་ཞི་བདེ་"ཞེས་པ་ནི་༧གོང་ས་མཆོག་ཡིན་པ་ངོས་འཛིན་གནང་བ་དང་འཛམ་གླིང་ས་ཕྱོགས་སྣ་ཚོགས་ནས་ཕེབས་པའི་སྒྱུ་རྩལ་པ་གྲགས་ཅན་ཚོས་བརྒྱུད་ལམ་སྣ་ཚོགས་བེད་སྤྱད་དེ་སྒྱུ་རྩལ་གྱི་རྣམ་གྲངས་ ༨༠ ལྷག་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། འགྲེམས་སྟོན་དེའི་འགྲོ་གྲོན་གཏོང་མཁན་ནི། ཏཱ་ལའི་བླ་མའི་ཐེབས་རྩ་དང་བརྒྱ་ཐམ་པའི་བོད་དོན་གྱི་སྒྲིག་འཛུགས་ཡིན་པས་ཚོགས་པ་དེ་གཉིས་ཀྱིས་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇི་ལིས།(LosAngles)ཆིག་ཁའ་གའོ།(Chicago) ནེའུ་ཡོག(New York) ཨཌི་ལན་ཌ།(Atlanta) སན་ཧྥན་སིས་ཁོ། (San Francisco) མེ་ཡ་མི། (Miami) དང་ཉི་ཧོང་གི་རྒྱལ་ས་ཀྲོའོ་ཀྱོག (Tokyo) སི་པན་གྱི་རྒྱལ་ས་མེ་རི་ཌི(Madrid) རོ་མན་ནི་ཡའི་གྲོང་ཁྱེར་སི་བུ(Sibu)དང་སུད་ཀྲན་(Sweden) གྱི་རྒྱལ་ས་སི་ཌོག་ཧོམ་(Stockholm)སོགས་ནང་བསྐོར་བསྐྱོད་བྱས་ཡོད། ཕྱི་ལོ་༢༠༡༡ལོར་ཨ་རིའི་མངའ་སྡེ་ཌེག་སའི་(Texas) གྲོང་ཁྱེར་སན་ཨན་ཀྲོའོ་ནའོ་(San Antonio)ནང་མཇུག་སྒྲིལ་གནང་རྒྱུ་རེད།
གཞི་རྒྱ་ཆེ་བའི་འགྲེམས་སྟོན་འདི་འདྲ་ཞིག་ཚོགས་སྡེ་དང་སློབ་གཉེར་ཁང་ཆུང་ངུ་ཚོས་གོ་སྒྲིག་ཞུ་ཐབས་བྲལ་བས། ཡང་བསྐྱར། "བོར་བརླག་ཤོར་བའི་ཞི་བདེ་"ཞེས་པ་སྟབས་བདེ་ཆུང་ངུ་ཞིག་བཟོས་ཏེ་གྲོང་གསེབ་དང་ སློབ་གྲྭ་ཁག་ནང་འགྲུལ་བཞུད་བྱེད་ཀྱི་ཡོད། འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་ཐོག་ཞི་བདེའི་གོ་རྟོགས་སྤེལ་རྒྱུ་དང་༧གོང་ས་མཆོག་གི་ལམ་སྟོན་རྣམས་མངོན་འགྱུར་ཡོང་ཆེད་ཡིན། ཏཱ་ལའི་བླ་མའི་ཐེབས་རྩས་འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་ཚོའི་ཤེས་ཡོན་ཐོག་མཐུན་རྐྱེན་རོགས་རམ་གནང་གི་ཡོད།

བོད་མིའི་སྤྱི་ཚོགས་ཀྱི་ལྟེ་གནས།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་སན་ཧྥན་སིས་ཁོ་ལྦལ་(San Francisco Bay) ས་ཁུལ་ནང་ཡོད་པའི་བོད་མིའི་སྐྱིད་སྡུག་ལྟེ་གནས་ལས་གཞིའི་ཐོག་སློབ་སྟོན་གནང་མཁན་གྱི་སློབ་སྟོན་པ་གཙོ་གྲས་ཤིག་ཡིན། ཁོང་གིས་ཁུལ་དེའི་བོད་རིགས་གཞོན་སྐྱེས་ཚོར་རྒྱལ་རབས་སློབ་ཁྲིད་དང་གཏམ་བཤད་ཡང་ཡང་གནང་སྟེ་སློབ་སྦྱོང་དང་མི་རིགས་ཀྱི་འཐབ་རྩོད་རྒྱུན་གནས་ཐུབ་ཆེད་ཐུགས་འཁུར་དཔག་མེད་གནང་གི་ཡོད། ཁོང་གིས་བོད་མི་འདུས་སྡོད་ཁུལ་དུ་རིག་གཞུང་དང་། སྒྱུ་རྩལ། ལྟད་མོའི་ལས་གཞིར་རོགས་རམ་དང་སློབ་སྟོན་གནང་གི་ཡོད། ཁོང་ད་ལྟ་བོད་མི་ཚོ་སྐྱབས་བཅོལ་དུ་གྱར་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་པར་རིས་ཕྱོགས་བསྒྲིགས་ལས་གྲྭའི་དབུ་ཁྲིད་ཅིག་ཀྱང་ ཡིན། ལས་གྲྭ་འགོ་བཙུགས་པ་ནས་བཟུང་ད་བར་མཐོང་དཀའ་བའི་༧གོང་ས་མཆོག་དང་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པའི་གཞིས་ཆགས་ཁག དེ་བཞིན་རྡ་རམ་ས་ལའི་སྐོར་སོགས་ཀྱི་ལྟད་མོ་དང་གློག་བརྙན་པར་རིས་སྟོང་ཕྲག་མང་པོ་གསོག་འཇོག་ཐུབ་ཡོད།

མདོར་ན།
ཕྱི་ལོ་ ༡༩༩༥ ལོར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཞུང་ཞབས་ནས་དགོངས་ཞུ་གནང་ཡང་། ཁོང་གིས་མུ་མཐུད་ལྷག་བསམ་ཟོལ་མེད་ཀྱིས་བོད་ཀྱི་རྩ་དོན་ཐོག་ཕན་རླབས་ཆེ་བའི་མཛད་རྗེས་མང་པོ་གསར་དུ་གཏོད་ཅིང་། སློབ་ཁྲིད་ཀྱི་བྱ་གཞག་དང་བྱེད་སྒོས་བོད་མིའི་མངོན་འདོད་དང་བོད་ཀྱི་རྩ་དོན་གོ་རྟོགས་སྤེལ་ཆེད་གལ་ཆེའི་གྲུབ་འབྲས་བཏོན་ཡོད། ༧གོང་ས་མཆོག་གིས་གལ་འགངས་ཆེ་བའི་ལམ་སྟོན་མཛད་བཞིན་པའི་ཀུན་སྤྱོད་དང་། ཞི་བདེ། ཚན་རིག་དང་ནང་ཆོས་གོ་རྟོགས་སྤེལ་ཆེད་བྱེད་སྒོ་མང་དག་ཅིག་ནང་ཞུགས་ནས་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་ཡོད། ཁོང་གིས་བོད་ཀྱི་ཆེད་དུ་བྱ་གཞག་འདྲ་མིན་ནང་བག་ཆགས་ལེགས་པོ་འཇོག་གནང་མཛད་པ་ཙམ་མ་ཟད་གལ་གནད་ཆེ་བའི་ཚོགས་པ་མང་པོ་ཞིག་ཐོག་མ་གསར་འཛུགས་བྱས་ཏེ་མཇུག་འབྲས་ལེགས་པོའི་བསྐྱོད་མུས་ཡིན།