Saturday, January 15, 2011

སྒང་ཏོག་།




ང་ཚོའི་མེ་འཁོར་དུས་རྒྱུན་ལས་ཆུ་ཚོད་ལྔའི་རྗེས་སུ་ཐོན་པར་བརྟེན། ཨེན་རྗེ་པེ་ཞེས་པའི་ས་ཐོག་ཏུ་སླེབས་དུས་ཆུ་ཚོད་བདུན་ལྷག་རྗེས་ལུས་ཐེབས་འདུག ས་ཐོག་དེར་ཡུལ་དམག་ཚོས་འབྲས་ལྗོངས་བར་འགྲིམ་འགྲུལ་བྱེད་མཁན་ཚོ་ཕབས་སྐྱེལ་ཞུ་ཡི་འདུག རྡོར་གླིང་དང་ཀ་ལོན་སྦུག་ཏུ་ཡུལ་མི་ཚོས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་པར་བརྟེན། བལ་པོའི་མངའ་ཁོངས་བརྒྱུད་ནས་འབྲས་ལྗོངས་སུ་སླེབས་ཀྱི་ཡོད་པས་དམག་མི་ཚོས་འགྲིམ་འགྲུལ་གྱི་ལམ་ཁ་ཁག་བཀག་སྡོམ་བྱས་འདུག འགྲིམ་འགྲུལ་སྟབས་བདེ་མིན་དང་ངོ་རྒོལ་གྱི་རྐྱེན་པས་ང་ཚོ་ཉིན་གུང་འགྲོ་ཐུབ་མ་སོང་། ང་ཚོའི་འཆར་གཞི་ལྟར་ཕྱི་ཚེས་༡༤ ཉིན་ར་དབང་ལར་འགྲོ་མ་ཐུབ་པར་བརྟེན། ཤི་རི་རྒུ་རིར་མཚན་གཅིག་ལ་བསྡད་པ་ཡིན། མེ་འཁོར་ནང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་མི་ལོ་ཧྲིལ་པོ་༣༥ལྷག་ཐུག་འཕྲད་མ་བྱུང་བའི་གྲོགས་པོ་རྡོར་རྗེ་ལགས་སུ་འབྲེལ་བ་གནང་ཐུབ་སོང་། ཁོང་གིས་བཀའ་དྲིན་ལ་བརྟེན་ང་ཚོར་སྡོད་ས་དང་ཞལ་ལག་མཆོད་ས་རེག་བྱུང་། 



(བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་རྡོ་རྗེ་ལགས་དེ་སྡོན་༧གོང་ས་མཆོག་གིས་ཤི་རི་རྒུ་རིར་དུས་འཁོར་དབང་ཆེན་གནང་སར་སྒྲོན་པའི་སྐུ་པར།)



ཡུལ་དེར་ངོ་རྒོལ་དང་འཕྲོག་བཅོམ་བྱེད་ཀྱི་ཡོད་པས་ཤི་རི་རྒུ་རིར་ཡོད་པའི་བྷང་གྷ་ལ་རྟགས་ཅན་གྱི་རླངས་འཁོར་མཁོ་གཏོང་ཞུ་དགོས་བྱུང་།
ང་ཚོའི་ཁ་ལོ་བས་ཞོགས་པ་སྔ་པོ་ནས་འབྲས་ལྗོངས་སུ་ཐོན་ན་ཡུལ་དམག་གིས་ལྟ་རྟོག་བྱེད་དགོས་མེད་གསུངས་པས། ཞོགས་པའི་ཆུ་ཚོད་བརྒྱད་པའི་ཐོག་ཐོན་པ་ཡིན། དེ་སྐབས་འབྲས་ལྗོངས་མངའ་སྡེ་ཁག་གི་འགྲིམ་འགྲུལ་ལམ་ཆེན་དུ་རླངས་འཁོར་མེད་པ་དེ་ནི་ངའི་བསམ་པར་ཡུལ་དམག་གིས་ཞོགས་པ་སྔ་པོ་ནས་འགྲིམ་འགྲུལ་ལམ་བཀག་སྡོམ་བྱས་པ་ཧ་གོ་བྱུང་། ང་ཚོ་ཞོགས་པ་དེར་སླེབས་སྐབས་སྨུག་པ་འཐིབ་འདུག་ལ་། ལམ་ཆེན་སྟེང་དུ་ཤིང་སྡོང་ཆེན་པོ་བཞག་ཡོད་པ་མཐོང་བས་ངའི་སེམས་ནང་དོགས་པ་དང་སོམ་ཉིས་ཁེངས་སོང་། གང་ལགས་ཤེ་ན། ང་ཚོ་མ་སླེབས་ཙམ་དུ་ལམ་ཆེན་དེ་དམག་མིས་བཀག་སྡོམ་བྱས་པ་རྟོགས་ཐུབ། ང་ཚོ་ཉིན་གུང་གི་ཆུ་ཚོད་༡༢ ཐོག་འབྲས་ལྗོངས་སུ་འབྱེོར་སོང་། དེ་དུས་ཚོགས་པ་དག་གི་འགོ་འཁྲིད་ཚོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སློབ་གྲའི་སྐབས་ཀྱི་འཛིན་གྲོགས་ཤིག་གིས་མགྲོན་ཁང་དུ་བཞག་བྱུང་། ཉིན་གུང་ཞལ་ལག་མཆོད་ཚར་རྗེས་ས་གནས་གཞོན་ནུ་ལྷན་ཚོགས་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཆུ་ཚོད་༢ པའི་ཐོག་མི་མང་དང་གྲོས་བསྡུར་ཞིག་གྲ་སྒྲིག་བྱས་འདུག

(བཀྲས་མཐོང་བསྟན་འཛིན་ལགས་ཆོལ་གསུམ་ཚོགས་ཁང་དུ་གསུང་བཤད་གནང་སྐབས་ཀྱི་འདྲ་དཔར།)


ཁྱེད་རྣམ་པས་མཁྱེན་གསལ་ལ། ང་ཚོའི་སྐོར་བསྐྱོད་ཀྱི་དུས་ཚོད་མང་པོ་ཞིག་འགྲིམ་འགྲུལ་རྐྱེན་པས་འཕྱི་འགྱངས་བྱས་ཀྱང་བོད་མི་མང་པོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གསུང་བཤད་ཉན་པར་ཕེབས་ཡོད་པ་ནི་ཁོང་གི་བཀའ་ཁྲིའི་ཁྱབ་བསྒྲགས་ལ་དོན་ཕན་ཆེན་པོ་ཐོབ་སོང་། འབྲས་ལྗོངས་སུ་བཞུགས་པའི་རྡོ་རྗེ་ལགས་ཀྱིས་བརྙན་འཕྲིན་ཡོ་ཆས་བསྣམས་ཏེ་ཨ་རིའི་རླུང་འཕྲིན་གྱི་ཀུན་གླེང་ཐོག་རྒྱང་བསྲིངས་བྱས་པའི་སྐུ་ངོ་ཡི་བཅར་འདྲི་སྟོན་གནང་སོང་བས་མི་མང་གིས་སྐུ་ངོ་ཡི་ཉམས་མྱོང་དང་མ་འོངས་པའི་ཕུགས་བསམ་སྐོར་ཤེས་རྟོགས་ཡག་པོ་ཐུབ་སོང་། བོད་མི་ཚོས་ཁོང་ལ་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་སོགས་སོ་སོའི་བསམ་ཚུལ་དང་དྲི་བ་མང་པོ་སྐུལ་གནང་སོང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་ཡོད་པའི་བོད་མི་ཚོས་ཁོང་ལ་བཙན་བྱོལ་གཞུང་གི་མང་གཙོའི་འཕེལ་རིམ་དང་། གང་འདྲ་བྱས་ནས་ཆབ་སྲིད་ཐོག་ཆ་ཤས་ལེན་དགོས་པའི་ཚད་མཐོའི་དྲི་བ་ཁག་ཉན་དུས་ང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་དགའ་སྤོབས་ཆེན་པོ་སྐྱེས་བྱུང་།


(བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་འབྲས་ལྗོངས་ཀྱི་ཤེས་རིག་བློན་ཆེན་ཨེན་གེ་ཕུར་དྷན་མཆོག་མཇལ་འཕྲད་སྐབས་ཀྱི་འདྲ་པར།)


བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གྲོགས་པོ་ཚོས་ཁོང་དང་སྔོན་མ་འཛིན་གྲོགས་གཅིག་པ་ཡིན་པའི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་ཀྱི་ཤེས་རིག་བློན་ཆེན་ཨེན་གེ་ཕུར་དྷན་མཆོག་རྣམ་གཉིས་ལ་དགོང་དྲོའི་ཞལ་ལག་ཅིག་གོ་སྒྲིག་ཞུས་འདུག དུས་སྟོན་དེའི་སྐབས་སུ་ས་གནས་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ། དབུས་གཙང་ཆོལ་ཁ་སོགས་ཀྱི་འགོ་འཁྲིད་རྣམས་དང་། གཞན་ཡང་འབྲས་ལྗོངས་ཀྱི་མི་སྣ་གལ་ཆེན་མང་པོ་ཕེབས་འདུག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཞུང་འབྲེལ་ཐོག་ཕེབས་མེད་པར་བརྟེན། མི་མང་ཚོ་དང་གདོང་ཐུག་སྟེ་སྐད་ཆ་བཤད་རྒྱུ་བྱུང་བ་དེ། ཁོང་དང་མི་མང་ཚོ་བགྲོ་གླེང་ལྷུག་པོ་གནང་ཐུབ་པས་སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་སོང་། དེ་ལྟ་བུའི་དུས་སྟོན་གཙོ་སྐྱོང་གནང་མཁན་ནི་ཚན་རིག་དང་ནང་ཆོས་ཐུག་པ་ཞེས་པའི་ལྷན་ཚོགས་ཀྱི་འགན་འཁུར་བ་སྐལ་བཟང་མཆོག་ལྡན་ལགས་དང་མཉམ་དུ་འབྲས་ལྗོངས་ན་བཞུགས་པའི་སྐར་མ་དབྱངས་ལགས་དང་པད་མ་ལྷ་དཀར་ལགས་ཡིན།

(བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བོད་མི་གོ་སྒྲིག་བྱེད་མཁན་ཚོ་དང་གཞོན་ནུ་ཚོར་གསུང་བཤད་གནང་བཞིན་པའི་རྣམ་པ།)