Sunday, January 16, 2011

ར་དབང་ལ་།


          
 བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ར་དབང་ལའི་འཚམས་གཟིགས་དེ་ཕྱི་ཚེས་༡༤ ཡིན་ནའང་། མེ་འཁོར་འཕྱི་འགྱངས་ཀྱི་རྐྱེན་པས་དུས་ཚོད་ཏག་ཏག་ཏུ་ཐོན་ཐུབ་མ་བྱུང་། དེར་བརྟེན་ང་ཚོས་ཕྱི་ཉིན་ཞོགས་པ་ཆུ་ཚོད་ལྔ་པའི་ཐོག་ལངས་ཏེ་ར་དབང་ལར་ཐོན་པ་ཡིན།

 (བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་ར་དབང་ལའི་བོད་མི་ཚོས་ཕེབས་བསུ་ཞུ་བཞིན་པ།)


ང་ཚོ་རང་དབང་ལར་ཞོགས་པའི་ཆུ་ཚོད་༩ ཐོག་འབྱོར་སོང་། ཡུལ་དེར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཛད་སྒོ་གོ་སྒྲིག་ཞུས་འདུག ཉིན་མོ་དེ་རེས་གཟའ་ཉི་མ་ཡིན་པའི་རྒྱུ་རྐྱེན་ལ་བརྟེན། སྒང་ཏོག་དང་བསྡུར་ན་བོད་མི་མཛད་སྒོར་ཞུགས་མཁན་ཕྲན་བུ་ཉུང་བ་འདུག ཁོང་ཚོ་མང་ཆེ་བ་སོ་སོའི་འཚོ་ཐབས་ཆེད་ར་དབང་ལའི་རེས་གཟའ་ཉི་མའི་ཚོང་དུས་སུ་ཚལ་བཙོང་དུ་ཕྱིན་པས་བོད་མི་མང་པོ་འདུ་སྡོད་ལ་བཅར་ཐུབ་མི་འདུག
འདྲ་པར་གྱི་འགྲེལ་བཤད།    
(བཀྲས་མཐོང་བསྟནའཛིན་རྣམ་རྒྱལ་ལགས་ཀྱིས་ར་དབང་ལའི་བོད་མི་ཚོ་དང་དྲི་བ་དྲི་ལན་གནང་བཞིན་པ།)


མེ་འཁོར་གྱི་འགྲིམ་འགྲུལ་འཕྱི་འགྱངས་མ་བྱས་པ་ཡིན་ན། ང་ཚོ་ར་དབང་ལར་ཕྱི་ཚེས་༡༤ཉིན་འབྱོར་བ་ལས་རེས་གཟའ་ཉི་མར་བསླེབས་ཀྱི་མ་རེད། ཡུལ་དེར། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། བཀའ་ཁྲིའི་འོས་ཤོག་གལ་ཆེན་ཡིན་པ་དང་། བོད་མི་ཡོད་དོ་ཅོག་འོས་ཤོག་ཐོག་ཆ་ཤས་ལེན་དགོས་པའི་བཀའ་ཕེབས་པ་དང་སྦྲགས། ཁོང་རྒྱུ་མཚན་གང་ལ་བརྟེན་བཀའ་ཁྲིར་ལངས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་།


བོད་མི་ཚོ་དང་དྲི་བ་དྲི་ལན་གནང་སྐབས་གཞོན་སྐྱེས་བུ་མོ་ཞིག་གི་སེམས་ནང་ཚོར་བ་དྲག་པོ་ཞིག་སྐྱེས་ཏེ་མིག་ནས་མིག་ཆུ་བཏང་ནས་བོད་མི་ཚོས་བཀའ་ཁྲིའི་འོས་འདེམས་སྣང་མེད་དུ་མ་བཞག་པར་ངེས་པར་དུ་ཆ་ཤས་ལེན་དགོས་པའི་འབོད་སྐུལ་ཞུས་སོང་།
གཤམ་དུ་ཡོད་པའི་བརྙན་འཕྲིན་གཟིགས་ན་མཁྱེན་ཐུབ།

བོད་རིགས་ཡུལ་མི་ཚོས་གྲ་སྒྲིག་བྱས་པའི་ཉིན་གུང་ཞལ་ལག་མཆོད་རྗེས་དེ་སྔོན་འཆར་གཞི་ལྟར་བཀོད་སྒྲིག་བྱས་པའི་ཀ་ལོན་སྦུག་ཏུ་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་ཕྱིན་པ་ཡིན།