Sunday, January 16, 2011

ཀ་ལོན་སྦུག



ཀ་རྡོར་སྒང་གསུམ་གྱི་སྐོར་བསྐྱོད་ནི་ང་ལ་ཆ་བཞག་ན་ཀྱག་ཀྱོག་གི་ལམ་འཕྲང་སྟེང་བདེ་ལམ་འཚོལ་བ་དང་གཉིས་སུ་མ་མཆིས། ཕྱི་ཚེས་༡༨ ནས་བཟུང་ཉིན་བརྒྱད་རིང་ས་ཁུལ་དེ་དག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པས། ཚེས་༡༦ དང་༡༧ ཉིན་གྱི་དུས་ཡུན་གལ་འགངས་ཆེན་པོ་དེ་དག་འཕྲོ་བརླག་མི་འགྲོ་བའི་ཆེད་ང་ཚོས་ཀ་ལོན་སྦུག་གི་བོད་མི་ཚོ་དང་ཐུག་འཕྲད་བྱས་པ་ཡིན། ང་ཚོ་ཀ་ལོན་སྦུག་ཏུ་སླེབས་མ་ཐག་འཕྲལ་མ་ཉིད་དུ་བོད་མི་ཚོའི་མ་ཎི་ཚོགས་ཁང་དུ་ཕྱིན་པ་ཡིན། ངའི་བསམ་པར་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ཡུལ་དེར་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཚོའི་ས་ནས་ལེགས་ཆ་ཞིག་ལེན་རྒྱུ་འདུག་དྲན་གྱི་འདུག ང་ཚོས་དུས་རྒྱུན་དུ་གཅིག་སྒྲིལ་ཐོག་སྐད་ཆ་ཤོད་ཀྱི་ཡོད། གཅིག་སྒྲིལ་དངོས་གནས་དེ་ཁོང་ཚོའི་སར་འདུག ཁོང་ཚོར་སྐྱིད་སྡུག་དང་ཚོགས་པ་ཁག་མི་འདྲ་བ་བཅུ་ལྷག་ཡོད་པ་ཡིན་ནའང་། མཉམ་རུབ་ཐོག་ཚོགས་གཙོ་གཅིག་བསྐོས་གནང་སྟེ་གནད་དོན་ཚང་མ་གྲོས་བསྡུར་དང་བགྲོ་གླེང་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད། གྲོས་བསྡུར་དང་བགྲོ་གླེང་ཚར་རྗེས། ཁོང་ཚོས་འདོད་མོས་ཐོག་ཐག་གཅོད་བྱེད་ཀྱི་ཡོད་པས་ཆོལ་ཁ་དང་ཆོས་ལུགས་ཀྱི་དྲི་མ་ཙམ་ཡང་མེད་པ་ནི་ང་ཚོར་དབུགས་དབྱུངས་གསར་པ་ཞིག་སྤྲད་པ་དང་ཨ་ན་མ་ན་རེད།

(བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཀ་ལོན་སྦུག་གི་བོད་མི་ཚོར་བཀའ་སློབ་གནང་བཞིན་པ་)


བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་ཀ་ལོན་སྦུག་ན་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་ཡོད་པས་དགའ་སྤོབས་དང་། སྐལ་བཟང་ལགས་མི་ལོ་ཧྲིལ་པོ་བཞི་བཅུ་ལྷག་འཚར་ལོངས་བྱུང་སའི་ལུང་པ་དང་བྲལ་ནས་ཐེངས་དང་པོ་སླེབས་ཐུབ་པ་དེ་ནི་ཁོང་ལ་ཆ་བཞག་ན་མི་ཚེའི་ནང་བརྗེད་པར་དཀའ་བའི་དྲན་གསོའི་དེབ་ཆུང་བཀླགས་པ་ལྟར་མྱོང་ཚོར་ཟབ་མོ་བྱུང་སོང་། ང་ཚོ་ཀ་ལོན་སྦུག་ཏུ་ཡོད་པའི་མགྲོན་ཁང་རྙིང་ཤོས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་མགོན་པོ་གསོལ་མགྲོན་ཁང་དུ་བསྡད་པ་ཡིན། གསོལ་མགྲོན་ཁང་དེ་ནི་བསོད་ནམས་ལགས་ཀྱི་ཡིན། ཁོང་ནི་༧སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་དུ་༡༩༠༠ ནང་ཕེབས་པའི་སྐབས་ཀྱི་སྐུ་བཅར་བ་ཞིག་གི་ཚ་བོ་ཡིན་། ཁོང་གི་ཨ་ཁུ་ལགས་ཀྱིས་དེ་སྔོན་བརྩམས་གནང་བའི་བོད་ཧིན་ཤན་སྦྱར་གྱི་ཚིག་མཛོད་དེ། བསོད་ནམས་ལགས་ཀྱི་དཀའ་སྤྱད་ཁུར་དུ་བཞེས་ནས་ཉར་ཚགས་ལེགས་པོ་བྱས་པའི་གྲུབ་འབྲས་ཤིག་ཡིན། ཁོང་གི་ཨ་ཁུ་ལགས་ཀྱི་གནས་ཚུལ་མང་པོ་ཞིག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་མཁས་དབང་བཀྲིས་ཚེ་རིང་ལགས་ནས་ཤེས་རྟོགས་བྱུང་ཡོད།  པར་རིས་ཀྱི་དབུས་སུ་བཞུགས་པ་ནི་མགོན་པོ་གསོལ་མགྲོན་ཁང་གི་བསོད་ནམས་ལགས་ཡིན།


༧སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་གྱི་སྐུ་བཅར་གྱི་ཚ་བོས་ང་ཚོ་ཞོགས་ཟས་མཆོད་དུ་འབོད་གནང་སྟེ། ནང་མིའི་ལོ་རྒྱུས་དེ་རྣམས་གསུངས་གནང་སོང་བས་རེ་ཞིག་སྣང་བ་སྐྱིད་པོའི་ཞོགས་ཟས་དེ་ལོ་རྒྱུས་ཀྱི་སློབ་ཁྲིད་ཞིག་ཆགས་སོང་།