Monday, January 17, 2011

རྡོ་རྗེ་གླིང་།


  ང་ཚོ་ཕྱི་ཚེས་༡༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ སྐར་༣༠ ཐོག་རྡོར་གླིང་དུ་བསྐྱོད་པ་ཡིན། ཡུལ་དེ་གའི་གོ་སྒྲིག་གནང་མཁན་གྱི་བོད་རིགས་ཚོས་མི་མང་གི་འདུ་ཚོགས་དེ་ཉིན་རྒྱབ་ཀྱི་ཆུ་ཚོད་༢ པའི་ཐོག་གཏན་འབེབས་ཟིན་འདུག་པས། ང་ཚོ་ཉིན་རྒྱབ་ཀྱི་ཆུ་ཚོད་༡༢ དང་༣༠ ཞལ་ལག་ལྷོད་ལྷོད་ངང་ཟ་རྒྱུ་བྱུང་གི་རེད་དྲན་བྱུང། ང་ཚོའི་སེམས་ནང་འཆར་གཞི་སྒྲིག་པ་ནང་བཞིན་འགྲོ་བསྐྱོད་ཐུབ་མ་སོང་། དེ་ཡང་ང་ཚོ་རྡོར་གླིང་དུ་བསླེབས་ལ་ཉེ་བའི་བར་ཐག་ཆུ་ཚོད་ཕྱེད་ཀ་ཡོད་པའི་ཇོར་ཐང་དུ་འབྱོར་མ་ཐག་འགྲིམ་འགྲུལ་གྱི་ལས་རྩོལ་རྐྱེན་པས་ཤར་བསྐྱོད་བྱེད་ཐུབ་མ་སོང་། 



གལ་སྲིད་ཁྱེད་རྣམ་པས་པར་རིས་འདི་ཚོར་གཟིགས་པ་ཡིན་ན། ས་ཆ་དེར་མཚན་མོ་ཁ་བ་གང་ཙམ་བབ་པ་ཤེས་ཐུབ་ལ། རླངས་འཁོར་མང་པོ་ཞིག་འགྲོ་བསྐྱོད་བྱེད་དུས་འཁྱག་པ་ལ་འདྲེད་བརྡར་ཤོར་བའི་ཉེར་ལེན་ལ་བརྟེན་འགྲོ་མ་ཐུབ་པ་མངོན་ཐུབ། ང་ཚོ་ཡང་ས་ཆ་དེར་ཆུ་ཚོད་གཉིས་ལྷག་འདུག་དགོས་བྱུང་དུས་ཉིན་གུང་གི་ཞལ་ལག་མཆོད་རྒྱུ་ཕ་རིའི་སྤང་རྒྱན་ལྟ་བུ་ཆགས་སོང་། ང་ཚོས་ཉིན་གུང་གི་ཁ་ལག་ཟ་ཐུབ་མིན་ལ་མ་ལྟོས་པར་བོད་མི་ཚོ་ཐུག་འཕྲད་བྱེད་རྒྱུ་གལ་ཆེར་མཐོང་སྟེ། འཇིགས་ངར་བའི་འཁྱག་པའི་ལམ་ཕྲེང་བརྒྱུད་དེ། མཐར་རྡོར་གླིང་དུ་སླེབས་ཀྱང་འགྲིམ་འགྲུལ་གྱི་ལས་རྩོལ་རྐྱེན་པས་མི་མང་ཚོགས་ཁང་དུ་ཆུ་ཚོད་༢ དང་༣༠ ཐོག་འབྱོར་སོང་། ང་ཚོ་འབྱོར་བའི་སང་ཉིན་ནས་བཟུང་ཡུལ་དེར་ཉིན་བརྒྱད་རིང་ཚོང་ཁང་དང་། ཟ་ཁང་། འགྲིམ་འགྲུལ་སོགས་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། ཉིན་དེར་མི་མང་ཚོ་ཉོ་བཅའ་རྒྱག་རྒྱུའི་དུས་ཚོད་ཡག་ཤོས་ཤིགཡིན་ཡང་།

 བོད་མི་ཚོ་དགའ་དད་སྤྲོ་གསུམ་ཐོག་ཚང་འཛོམས་བྱས་ཡོད་པ་ནི་ཡིད་སྨོན་སྐྱེ་དགོས་པའི་དོན་སྙིང་ཞིག་མཐོང་བྱུང་། བཀྲས་མཐོང་བསྟནའཛིན་རྣམ་རྒྱལ་ལགས་ཀྱིས་བོད་མི་ཚོར་གསུང་བཤད་གནང་སྐབས་ངོ་ཤེས་པ་མང་པོ་ཞིག་གཟིགས་གནང་བས་མིག་ནས་མིག་ཆུ་ཁྲུམ་ཁྲུམ་དུ་བཞུར་དུས། ངའི་སེམས་ནང་རྡོར་གླིང་དུ་ཁོང་ལ་བསུབ་ཐབས་མེད་པའི་དྲན་གསོའི་རི་མོ་མང་པོ་ཡོད་པ་མྱོང་ཚོར་བྱུང་།
རྡ་ས་ཆུ་བཞི་སྒང་དྲུག་གི་རྒན་བཀྲ་མཚོ་ལགས་ཀྱིས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་རང་ཚུགས་དང་ང་ཚོའི་སྤྱི་ཚོགས་ནང་ཁོང་ལ་གཞི་རྩ་མེད་པའི་དཀྲོག་གཏམ་སྤེལ་བ་དག་རྗུན་བཟོ་ཡིན་པ་དང་། མདོར་ན། ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་དོན་ཐོག་ཕྱག་རྗེས་འཇོག་གནང་མཛད་པ་སོགས་ཀྱི་སྐོར་གསུང་བཤད་གནང་སོང་། 
 (ཁྱེད་རྣམ་པས་གཤམ་གྱི་བརྙན་འཕྲིན་གཟིགས་ན་མཁྱེན་ཐུབ།)


དེ་ཡང་ཕྱི་ཚེས་ ༡༧ ཉིན་ཤི་རི་རྒུ་རིར་ཡོད་པའི་བལ་པོ་ཚོས་ཁོང་ཚོར་མངའ་སྡེ་དགོས་པའི་ངོ་རྒོལ་བྱེད་ཀྱི་ཡོད་དུས་མི་མང་ཚོས་སྔོན་ནས་གྲ་སྒྲིག་བྱས་པའི་དགོང་དྲོའི་ཞལ་ལག་མཆོད་རྗེས་འཕྲལ་མ་ཉིད་དུ་ཡུལ་དེར་བསྐྱོད་པ་ཡིན། ཡིན་ནའང་སྟབས་ལེགས་པ་ཞིག་ལ། ཕྱི་དྲོའི་ཆུ་ཚོད་དྲུག་པའི་ཐོག་ངོ་རྒོལ་དེ་འཚམས་འཇོག་བྱས་འདུག ང་ཚོ་དར་ཆུ་ཚོད་བརྒྱད་པའི་ཐོག་སླེབས་པས་དཀའ་ངལ་མ་བྱུང་ལ། དགའ་སྤྲོའི་ངང་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་སྐུ་མགྲོན་ལྟར་ཁོ་རང་གི་ཁྱིམ་དུ་སྣེ་ལེན་གཟབ་རྒྱས་ཞུས་བྱུང་